1. EachPod

༸སྐུའི་གཅེན་པོ་ཁྲི་ཟུར་དམ་པ་རྒྱལ་ལོ་དོན་གྲུབ་མཆོག་དང་༸སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་བཞེས།

Author
Voice of Tibet
Published
Thu 03 Jul 2025
Episode Link
https://vot.org/%e0%bc%b8%e0%bd%a6%e0%be%90%e0%bd%b4%e0%bd%a0%e0%bd%b2%e0%bc%8b%e0%bd%82%e0%bd%85%e0%bd%ba%e0%bd%93%e0%bc%8b%e0%bd%94%e0%bd%bc%e0%bc%8b%e0%bd%81%e0%be%b2%e0%bd%b2%e0%bc%8b%e0%bd%9f%e0%bd%b4%e0%bd%a2/

སིམ་ལ་མི་མང་ཡོངས་ནས་༸སྐུའི་གཅེན་པོ་ཁྲི་ཟུར་དམ་པ་རྒྱལ་ལོ་དོན་གྲུབ་མཆོག་དང་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་བཞེས་དང་འབྲེལ། ༸རྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་གསུང་ཅི་སྒྲུབ་ཞུ་དགོས་གལ་དང་། བོད་མི་རྣམས་ནས་བོད་སྤྱི་བའི་རྩ་དོན་ཐོག་འགན་བཞེས་དགོས་གལ་ཡིན་པ་དྲན་སྐུལ་གནང་སོང་། དེ་ཡང་ཁ་སང་ཕྱི་ཟླ་ ༧ ཚེས་ ༢ ཉིན་རྒྱབ་ཀིརྟི་བྱེས་པ་གྲྭ་ཚང་དུ་མདོ་སྨད་རྒྱས་འཛོམས་ཆེན་མོའི་མཛད་སྒོའི་ཐོག་སིམ་ལ་མི་མང་གི་ཚབ་ཞུས་ཏེ་སིམ་ལའི་གཟེངས་རྟགས་གོ་སྒྲིག་ཚོགས་ཆུང་གིས། ༸སྐུའི་གཅེན་པོ་ཁྲི་ཟུར་དམ་པ་རྒྱལ་ལོ་དོན་གྲུབ་མཆོག་དང་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་བཞེས་གནང་ཡོད་པ་དང་འབྲེལ། ༸སྐུའི་གཅེན་པོ་ཁྲི་ཟུར་དམ་པ་རྒྱལ་ལོ་དོན་གྲུབ་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འོག་དཔུང་འདེགས་ཀྱིས་བོད་དོན་བདེན་མཐའ་གསལ་ཐབས་སུ་ཕྱོགས་ཡོངས་སྐུ་ལས་བསྐྱོན་པར་རྒྱ་རྒོལ་སྙིང་སྟོབས་དང་རྒྱལ་གཅེས་ལྷག་བསམ་གྱིས་སྐུ་ཚེ་ཧྲིལ་པོར་བོད་མི་རིགས་ཀྱི་ཆེད་དུ་ཕྱི་ནང་གསང་གསུམ་གྱི་ཕྱག་ལས་ལ་མངོན་བསྟོད་བཀའ་དྲིན་རྗེས་དྲན་མཚོན་ཆེད་འབུལ་བ་ཞིག་ཡིན་པ་མ་ཟད། བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས། མ་འོངས་བོད་ཀྱི་སོན་རྩ་རྣམས་ལ་གནའ་དེང་ཤེས་ཡོན་འདབ་གཤོག་གཉིས་ལྡན་གྱི་མཐུན་རྐྱེན་སྐྲུན་པར་སྐུ་ཚེ་ཧྲིལ་པོར་བོད་ཀྱི་ཤེས་ཡོན་ཉམས་པ་སོར་ཆུད་མི་ཉམས་གོང་སྤེལ་ཆེད་རླབས་ཆེན་གྱི་མཛད་རྗེས་ལ་མངོན་བསྟོད་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་གཟེངས་རྟགས་དེ་ཉིད་ཕུལ་བ་ཞིག་ཡིན་པ་རེད་འདུག ༸སྐུའི་གཅེན་པོ་ཁྲི་ཟུར་དམ་པ་རྒྱལ་ལོ་དོན་གྲུབ་མཆོག་གི་གཟེངས་རྟགས་དེ་བཞིན་སྲས་བསྟན་པ་དོན་གྲུབ་ལགས་སུ་འབུལ་བཞེས་གནང་ཡོད་ཅིང་། སྐབས་སྲས་བསྟན་པ་དོན་གྲུབ་ལགས་ཀྱིས། ཡབ་དམ་པ་སྐུ་བཞུགས་ཡོད་པའི་དུས་སུ་ཁོང་ལ་བཅངས་པའི་བརྩེ་བ་དང་ཡིད་ཆེས། ལྷག་བསམ་བཅས་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། མི་རིགས་དོན་དུ་རང་སྲོག་བློས་གཏོང་གནང་བའི་དཔའ་བོ་དཔའ་བོ་རྣམས་ཀྱི་ཚབ་ཞུས་ཏེ་གཟེངས་རྟགས་བླངས་ཀྱི་ཡོད་པ་དང་། ཡབ་དམ་པ་དགུང་ལོ་བགྲེས་པ་དང་ལོ་མང་རིང་སྐུ་གཟུགས་ཀྱི་གནས་སྟངས་ཡག་པོ་མེད་རྐྱེན། ཕྱོགས་མཐའ་ཁག་ཏུ་ཕེབས་རྒྱུ་དང་མི་སྣ་ཐུགས་འཕྲད་སོགས་སྐུ་ལས་ཁག་པོ་བྱུང་ཡོད་པ་དེ་ལྟར་ཡང་། ག་དུས་ཡིན་ཡང་བོད་ཀྱི་གནད་དོན་ཐོག་ལ་སེམས་འཁྲལ་ཡོད་པ་མ་ཟད། ལྷག་པར་བོད་པ་ནང་ཁུལ་ངེས་པར་དུ་ཆིག་སྒྲིལ་དང་། ༸རྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་གསུང་ཅི་སྒྲུབ་ཞུས་ཚེ། རང་རེ་དམིགས་ཡུལ་དེ་བསྒྲུབ་ངེས་ཡིན་པ་བརྡ་ལན་གནང་སོང་། དེ་བཞིན་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས། གཟེངས་རྟགས་འདི་ནི་གཙོ་བོ་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ཡིན་པར། སྐུ་མདུན་ནས་བཀའ་གསུང་ཅི་སྒྲུབ་ཞུས་རྒྱུ་ང་ཚོའི་ལས་འགན་ཡིན་པ་དང་། ལམ་འགྲོ་ཡང་དེའི་ཡོང་གི་ཡོད་སྐོར་གསུང་བ་དང་འབྲེལ། བོད་མི་ཚོ་༸རྒྱལ་བ་རིན་པོ་ཆེ་ལྟ་བུ་དབུ་ཁྲིད་ཡོད་པ་སྐལ་བ་བཟང་པོ་དང་། དུས་རྟག་ཏུ་བོད་སྤྱི་པའི་དོན་དུ་དགོངས་བཞེས་མཛད་ཀྱི་ཡོད་པ་རེད་ཅེས་གསུངས་སོང་། མ་ཟད་༸གོང་ས་མཆོག་མདོ་སྨད་ནས་ཆིབས་བསྒྱུར་མཛད་ཡོད་ཀྱང་། ༸རྒྱལ་བ་རིན་པོ་ཆེས་ཡོད་ཆོལ་ཁ་གསུམ་གཅིག་ཡིན་ཞེས་བཀའ་སྩལ་མཛད་ཀྱི་ཡོད་པ་བཞིན། བོད་མི་ཚོས་བོད་སྤྱི་པའི་ཐོག་དགོངས་བཞེས་གནང་དགོས་གལ་ཡིན་པ་དང་། བཙན་བྱོལ་དུ་ཡོང་དགོས་དོན་ཇི་འདྲ་ཡིན་མིན་དང་ལས་འགན་ཡོད་པ་རྣམས་བརྗེད་རྒྱུ་མེད་ཅེས་སྐུལ་འདེབས་གནང་སོང་། རྩ་བའི་གཟེངས་རྟགས་འདི་བཞིན་སྔ་ལོ་ ༢༠༢༤ ཟླ་ ༥ ཚེས་ ༢༠ ཉིན་སིམ་ལ་ཁྱབ་ཁོངས་མི་མང་གི་ལོ་འཁོར་ཚོགས་ཆེན་ཐོག དཔའ་བོ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་༸སྐུའི་གཅེན་པོ་ཁྲི་ཟུར་དམ་པ་རྒྱལ་ལོ་དོན་གྲུབ་མཆོག་དང་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་པ་གཉིས་ནས་རང་ཅག་བོད་འབངས་ཡོངས་ལ་བཀའ་དྲིན་རྒྱ་ཆེ་བསྐྱངས་གནང་བར་གཟེངས་བསྟོད་རྟགས་མ་འབུལ་དགོས་སྐོར་དགོངས་འཆར་བཏོན་པ་བཞིན། སིམ་ལ་མི་མང་ཡོངས་ནས་སྤྱི་མོས་ཀྱི་གྲོས་ཆོད་བཞག་ཡོད་པ་ཞིག་ཡིན་པ་དང་། ཁ་སང་གཟེངས་རྟགས་འབུལ་བཞེས་སྐབས། སིམ་ལ་མི་མང་གི་ཚབ་ཞུས་ཏེ། སིམ་སྤྱི་ལྷག་པ་ཚེ་རིང་ལགས་དང་། ས་འཐུས་ཚོགས་གཙོ་བསྟན་འཛིན་ལགས། གྲོས་འཆར་བཏོན་གནང་མཁན་གྱི་དཔའ་བོ་བཀྲ་ཤིས་དོན་གྲུབ་ལགས་བཅས་ཆེད་ཕེབས་ཀྱིས། ཁྲི་ཟུར་དམ་པ་རྒྱལ་ལོ་དོན་མཆོག་གི་སྲས་བསྟན་པ་དོན་གྲུབ་ལགས་སུ་རིན་ཆེན་སྣ་གཉིས་ལས་གྲུབ་པའི་དངུལ་གྱི་མཆོད་ཀོང་གཅིག་དང་༸རྒྱལ་བ་ཚེ་དཔག་མེད་ཀྱི་སྐུ་བརྙན་འབུལ་ལམ་ཞུས་ཡོད་པ་མ་ཟད། བཀའ་ཟུར་རྗེ་བཙུན་པདྨ་པ་མཆོག་ལ་དེ་མཚུངས་ཀྱི་མཆོད་ཀོང་དང་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་བཅས་འབུལ་ལམ་ཞུས་ཡོད་པ་རེད། The post ༸སྐུའི་གཅེན་པོ་ཁྲི་ཟུར་དམ་པ་རྒྱལ་ལོ་དོན་གྲུབ་མཆོག་དང་༸སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་བཞེས། appeared first on vot.

Share to: