དེ་རིང་ཕྱི་ཟླ་ ༦ ཚེས་ ༢༥ ༸རྒྱལ་བའི་སྐུའི་བླ་གཟའ་དང་བསྟུན། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་བསྟན་འཛིན་ཕན་བདེ་ལགས་ཀྱིས་རྩོམ་སྒྲིག་གནང་བའི་༸རྒྱལ་དབང་སྐུ་ཕྲེང་རིམ་འབྱོན་གྱི་ལུགས་གཉིས་འཕྲིན་ལས་དང་། དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་སོང་བ་དང་འབྲེལ། བོད་གངས་ཅན་པའི་ལོ་རྒྱུས་ཀྱི་གཞུང་ལམ་རིང་པོ་འདིའི་ནང་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་ནི་སྡེ་ཚན་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་ཅེས་གསུངས་སོང་། དེ་ཡང་རྣམ་གྲྭ་ལེགས་བཤད་ཚལ་ཚོགས་ཁང་ནང་དུ། དཔེ་དེབ་དབུ་འབྱེད་སྐབས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་བླ་སྤྲུལ་དགེ་འདུན་འདུས་པ་རྒྱ་མཚོས་དབུས་པའི་སྐུ་མགྲོན་གཙོ་བོར་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་དང་དམིགས་བསལ་སྐུ་མགྲོན་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག དེ་བཞིན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་འཆི་མེད་རིག་འཛིན་མཆོག དཔེ་དེབ་རྩོམ་སྒྲིག་པ་བསྟན་འཛིན་ཕན་བདེ་ལགས། ཞུས་དག་པ་རྣམ་གྲྭ་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བགྲེས་པ་འབུམ་རམས་པ་གཙང་ཕྲུག་སྟོབས་ལགས། གཞན་ཡང་རང་གཞུང་ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ཞུས་དག་པ་ལས་བྱེད་སོགས་ཚོགས་བཅར་བ་ཁྱོན་མི་གྲངས་ ༡༠༠ ཙམ་ཆེད་བཅར་ཞུས་འདུག རྩ་བའི་དཔེ་དེབ་དེ་ཕྱི་ལོ་ ༢༠༡༨ ནས་འབྲི་འགོ་ཚུགས་ཏེ། འདི་ལོར་ལེགས་གྲུབ་ཟིན་པ་ཞིག་ཆགས་ཀྱི་ཡོད་པ་དང་། དེབ་གཟུགས་སྟོད་ཆ་དང་སྨད་ཆ་གཉིས་ཡོད་པར་ས་བཅད་ཆེ་ཁག་གསུམ་ལ་ཆ་བགོས་ཀྱིས། ས་བཅད་དང་པོར་༸རྒྱལ་དབང་གི་སྤྲུལ་སྐུའི་ལམ་ལུགས་དང་བླ་བྲང་ལམ་ལུགས་སྤྱི་བཤད་ཙམ་དང་། ས་བཅད་གཉིས་པར་༸རྒྱལ་དབང་ན་རིམ་གྱི་མཛད་པ་ཁག་རིམ་པར་སྤྲོས་ཤིང་། དེ་ཡང་༸རྒྱལ་དབང་གང་ཞིབ་སྐུ་འཁྲུངས་པ་ནས་བཟུང་སྐུ་ཞི་བར་མ་གཤེགས་ཀྱི་བར་མཛད་དོན། ས་བཅད་གསུམ་པར་དགའ་ལྡན་ཕོ་བྲང་དང་གནད་ཆེའི་ལོ་རྒྱུས་ཀྱི་འབྲེལ་བ་ཡོད་པ་ཁག་གི་འཕེལ་རིམ་བཅས་ཀྱི་སྐོར་ལ་བྲིས་པ་ཞིག་ཆགས་ཀྱི་འདུག སྐབས་དེར་སྐུ་མགྲོན་གཙོ་བོ་དཔལ་ལྡན་དགའ་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་གིས། དཔེ་དེབ་དེ་དབུ་འབྱེད་ཀྱི་མཛད་སྒོར་བཅར་རྒྱུ་བྱུང་བ་སྐལ་བ་བཟང་པོ་བྱུང་ཞེས་གསུངས་བ་དང་ཆབས་ཅིག ང་ཚོ་སུ་ཡིན་མིན་དང་། ང་ཚོ་གང་འདྲ་ཡིན་དགོས་མིན། མ་འོངས་པར་ང་རང་ཚོ་གང་འདྲ་ཆགས་དགོས་མིན་ཅེས་སོགས་ཀྱི་གནད་དོན་ཐད་ལོ་རྒྱུས་ནི་གལ་ཆེན་པོ་ཆགས་ཀྱི་ཡོད་ཅིང་། ལྷག་པར་བོད་གངས་ཅན་པའི་ལོ་རྒྱུས་ཀྱི་གཞུང་ལམ་རིང་པོ་འདིའི་ནང་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་ནི་སྡེ་ཚན་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པར། དཔེ་དེབ་ཀྱི་བརྗོད་གཞིའི་ཐོག་ནས་བླ་བྲང་དང་སྤྲུལ་པའི་སྐུ་བྱེ་བྲག་པའི་རྣམ་ཐར་དང་འཕྲིན་ལས་ཙམ་མིན་པར་བོད་སྤྱིའི་བསྟན་སྲིད་ཀྱི་ལས་དབང་དང་འབྲེལ་ཡོད་སྟབས། ༸རྒྱལ་དབང་རིམ་བྱོན་གྱི་ལུགས་གཉིས་འཕྲིན་ལས་ནི་བོད་བསྟན་སྲིད་ཀྱི་དོན་དུ་ཕྱག་རྗེས་དང་ཤུགས་རྐྱེན་ཇི་ཐེབས་སོགས་ཀྱི་མཚོན་དོན་ཞིག་ཀྱང་ཡིན་པར་ཕྱག་དེབ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་དང་། མ་འོངས་པ་ལའང་དེ་འབྲེལ་ཁ་བསྐོང་བྱ་དགོས་རིགས་རྣམས་ཐུགས་སྣང་གནང་དགོས་གལ་ཡིན་པ་གསུངས་སོང་། དམིགས་བསལ་སྐུ་མགྲོན་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་གིས། དཔེ་དེབ་རྩོམ་སྒྲིག་གནང་མཁན་རྣམ་གྲྭ་བསྟན་འཛིན་ཕན་བདེ་ལགས་སུ་བསྔགས་བརྗོད་ཐོག་ཐུགས་རྗེ་ཆེ་ཞུ་དང་འབྲེལ། སླད་མར་གཞིས་བྱེས་བོད་མི་རྣམ་པས་ཞིབ་འཇུག་དང་ལྗགས་ཀློག་གནང་རྒྱུའི་སྐུལ་འདེབས་གནང་སོང་། ལྷག་པར་དཔེ་དེབ་དེ་རྩོམ་སྒྲིག་གནང་མཁན་གམ་བཅར་ཕན་བདེ་ལེགས་བཤད་གླིང་གི་མདོ་སྔགས་རམ་འབྱམས་པ་བསྟན་འཛིན་ཕན་བདེ་ལགས་ཀྱིས། དཔེ་དེབ་དེའི་འབྲི་རྩོམ་དང་དུ་བླང་རྒྱུའི་འདུན་པ་ངོ་སྤྲོད་གནང་བའི་ཁྲོད། དེ་སྔོན་ཕྱི་ལོ་ ༡༩༧༤ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸རྒྱལ་དབང་དགེ་འདུན་གྲུབ་པ་ནས་སྐུ་ཕྲེང་བཅུ་གསུམ་པ་ཡན་གྱི་མཛད་རྣམ་ཁག་ལ་ཞིབ་འཇུག་གིས་དོན་ཆུང་ཚིག་རྙོག་རྣམས་བསྡུས་ཏེ་རྩ་དོན་ཁག་ཕྱོགས་སྒྲིག་དཔར་འདེབས་དགོས་གལ་གྱི་བཀའ་སློབ་ཕེབས་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༡༩༨༦ ལོའི་གསུམ་བཅུའི་དུས་དྲན་ཐེངས་ ༢༧ པའི་གསུང་འཕྲིན་སྩལ་བའི་ནང་། བོད་ནང་ནས་བོད་ཀྱི་ལོ་རྒྱུས་སྐོར་ཡིག་ཆ་པར་བསྐྲུན་ཐོན་དང་འཐོན་བཞིན་པར་བསྔགས་པའི་འོས་སུ་མཆིས་ཀྱང་། བཙན་དབང་འོག་ཏུ་ཡོད་པས་མཐའ་མའི་བཀའ་འཁྲོལ་ཆོག་མཆན་རྒྱ་མིའི་ངོ་འཛུམ་ལ་བལྟས་ནས་ལེན་དགོས་པས་དོན་གནད་གལ་ཆེའི་རིགས་ལ་སྒྲོ་སྐུར་ཕྱོགས་ལྷུང་ཡོང་བཞིན་པར་ཡིད་གཟབ་དགོས་སྐོར་སོགས་ཉེ་རབས་བོད་ཀྱི་ལོ་རྒྱུས་དག་ཐེར་དང་ཉམས་ཞིབ་སྐོར་བཀའ་སློབ་རིམ་པ་ཕེབས་དོན་བཞིན། ཁོང་རང་ཉིད་དགའ་ལྡན་ཕོ་བྲང་ཡིག་ཚང་དུ་ཕྱག་བྲིས་ཞབས་ཞུ་སྒྲུབ་པའི་སྐབས། ཚོགས་སྒེར་སོགས་ཀྱི་ལོ་རྒྱུས་ཀྱི་དཔེ་དེབ་པར་ཕུད་འབྱོར་བ་ཡོད་ཚད་ལ་དོ་སྣང་དང་། ལྷག་པར་དོལ་རྒྱལ་རྗེས་འབྲངས་པའི་ངོས་ནས་༸རྒྱལ་དབང་ན་རིམ་དང་འབྲེལ་བའི་ཁུངས་ལྡན་མིན་པའི་ལོ་རྒྱུས་འབྲི་བཤད་བྱས་ཚད་ལ་དོ་སྣང་བྱས་པ་བརྒྱུད་ནས་དཔེ་དེབ་དེ་རྩོམ་སྒྲིག་གནང་བ་ཡིན་སྐོར་འགྲེལ་བརྗོད་གནང་སོང་། མ་ཟད་དཔེ་དེབ་ཞུས་དག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས། གོ་སྐབས་འདིའི་བརྒྱུད་ནས་རྣམ་གྲྭ་ཤེས་ཡོན་ལྷན་ཚོགས་དང་སྒེར་གྱི་ངོས་ནས་ལེགས་སོ་བསྔགས་བརྗོད་དང་འབྲེལ། […] The post ༸རྒྱལ་དབང་གི་ལུགས་གཉིས་འཕྲིན་ལས་དང་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་དཔེ་དེབ་དབུ་འབྱེད། appeared first on vot.