1. EachPod

ཇར་མ་ནི་ནང་བོད་ཀྱི་དུས་སྟོན་ཐེངས་དང་པོ་སྲུང་བརྩི་གནང་བ།

Author
Voice of Tibet
Published
Wed 27 Aug 2025
Episode Link
https://vot.org/%e0%bd%87%e0%bd%a2%e0%bc%8b%e0%bd%98%e0%bc%8b%e0%bd%93%e0%bd%b2%e0%bc%8b%e0%bd%93%e0%bd%84%e0%bc%8b%e0%bd%96%e0%bd%bc%e0%bd%91%e0%bc%8b%e0%bd%80%e0%be%b1%e0%bd%b2%e0%bc%8b%e0%bd%91%e0%bd%b4%e0%bd%a6/

འདི་ལོ་༸སྐུའི་གོ་སྟོན་དང་བསྟུན་དད་ལྡན་རྗེས་འབྲངས་པ་ཡོངས་ཀྱི་རྣམ་པ་འདྲ་མིན་སྒོ་ནས་གོ་སྟོན་སྲུང་བརྩི་གཟབ་རྒྱས་ཞུ་བཞིན་པའི་ཁྲོད་འདིར། ཇར་མ་ནི་ནང་༸སྐུའི་གོ་སྟོན་སྲུང་བརྩི་དང་འབྲེལ། བོད་ཀྱི་དུས་སྟོན་ཐེངས་དང་པོ་དང་། ཇར་མ་ནི་བོད་ཁང་དབུ་བརྙེས་ནས་ལོ་ངོ་ ༢༠ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་འདུག དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། འདི་ཚེས་ ༢༣ དང་ ༢༤ བཅས་ཉིན་གྲངས་གཉིས་རིང་ཇར་མ་ནི་ནང་། ཇར་མ་ནི་བོད་ཁང་དང་ས་གནས་གོ་སྟོན་གོ་སྒྲིག་ཚོགས་ཆུང་། སུད་སི་དོན་ཁང་བཅས་མཉམ་འབྲེལ་ཐོག་ཡུལ་དེ་གའི་ནང་བོད་ཀྱི་དུས་སྟོན་ཐེངས་དང་པོ་གོ་སྒྲིག་ཞུས་པ་མ་ཟད།  ཇར་མ་ནི་བོད་ཁང་དབུ་བརྙེས་ནས་ལོ་ངོ་ ༢༠ ཧྲིལ་པོ་འཁོེར་བའི་དུས་དྲན་སྲུང་བརྩི་ཞུས་འདུག སྐབས་དེར་སུད་སི་སྐུ་ཚབ་དོན་ཁང་གི་རྒྱལ་ཚོགས་ཞུ་གཏུག་འགན་འཛིན་ཕུན་ཚོགས་སྟོབས་རྒྱལ་ལགས་དང་།  Frankfurt  གྲོང་སྡེའི་སྐུ་ཚབ་དང་སློབ་སྟོན་པ་ Stephan Siegler ལགས། ཇར་མ་ནི་བོད་ཁང་གསར་འཛུགས་གནང་མཁན་བྲག་གཡབ་༸སྐྱབས་མགོན་བློ་ལྡན་ཤེས་རབ་རིན་པོ་ཆེ་མཆོག  ༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་དང་གཏན་འཇགས་ཐབས་བྱུས་ཚོགས་ཆུང་གི་སློབ་སྟོན་པ་སྐལ་བཟང་རྒྱལ་མཚན་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་ཚན་པའི་འགན་འཛིན་དབང་པོ་བཀྲས་མཐོང་ལགས་སོགས་ནས་ལྷན་ཞུགས་གནང་ཡོད་པ་རེད། མཛད་སྒོའི་ཐོག་ཇར་མ་ནི་བོད་ཁང་གསར་འཛུགས་གནང་མཁན་བྲག་གཡབ་༸སྐྱབས་མགོན་བློ་ལྡན་ཤེས་རབ་རིན་པོ་ཆེ་མཆོག་གིས། ཇར་མ་ནི་བོད་ཁང་ནི་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་འོག་དབུ་བརྙེས་པ་ཞིག་ཡིན་པ་དང་། ལྟེ་གནས་འདིའི་བརྒྱུད་ད་དུང་ཡང་མུ་མཐུད་ནས་རིག་གཞུང་བར་གྱི་གོ་རྟོགས་གོང་འཕེལ་གཏོང་རྒྱུ་ཡིན་པ་གསུངས་འདུག  མ་ཟད། Stephan Siegler ལགས་ཀྱིས་ཀྱང་ Frankfurt  གྲོང་སྡེའི་སྤྱི་ཁྱབ་ཀྱི་ཚབ་ཞུས་ཏེ། བོད་མི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་ཀྱི་རྩ་དོན། དེ་བཞིན་འཇར་མ་ནི་བོད་ཁང་བཅས་ལ་ཡུན་རིང་ནས་ཡོད་པའི་རྒྱབ་སྐྱོར་བསྐྱར་ནན་དང་འབྲེལ། མ་འོངས་རྒྱབ་སྐྱོར་མུ་མཐུད་གནང་འཆར་ཡོད་པ་གསུངས་འདུག འདི་ག་རླུང་འཕྲིན་ཁང་གི་ཇར་མ་ནི་བོད་ཁང་གི་འགན་འཛིན་ཐོས་བསམ་རིན་པོ་ཆེ་མཆོག་ལ་གནད་དོན་དེ་འབྲེལ་བཀའ་འདྲི་ཞུས་སྐབས་ཁོང་གིས། སྤྱིར་བཏང་ཇར་མ་ནི་བོད་ཁང་དེ་བཞིན་དེ་སྔོན་ཆོས་ཚོགས་ཤིག་ཡིན་སྐོར་གསུངས་པ་དང་འབྲེལ། འོན་ཀྱང་རིན་པོ་ཆའི་ཐུགས་དགོངས་རྒྱ་ཆེན་པོ་ཡོད་སྟབས་བོད་ཁང་ཞེས་པ་དེ་ནི་ཆོས་ཚོགས་ཀྱི་རྣམ་པ་ཙམ་མིན་པར་བོད་ཁང་གི་ངོ་བོར་བསྒྱུར་ཐུབ་ན་དགེ་མཚན་ཆེ་བར་དགོངས་ནས་མཐར་ཕྱི་ལོ་ ༢༠༠༥ ལོར་བོད་ཁང་ལ་བསྒྱུར་ཡིན་པའི་ལོ་རྒྱུས་རྒྱབ་ལྗོངས་འགྲེལ་བརྗོད་གནང་སོང་། སྤྱིར་ཉིན་གཉིས་རིང་གི་དུས་སྟོན་སྲུང་བརྩི་དེའི་ཐོག་བོད་ཀྱི་སྲོལ་རྒྱུན་གཞས་སྣ་དང་ཞབས་བྲོ། ལྷ་མོ། སྒྲ་སྙན། ཡིག་གཟུགས། བོད་དོན་དང་འབྲེལ་བའི་དཔེ་དེབ་ངོ་སྤྲོད། ༸གོང་ས་མཆོག་གི་སྐུ་པར་འགྲེམས་སྟོན་སོགས་ཀྱི་བོད་ཀྱི་རིག་གཞུང་ངོ་སྤྲོད་དང་། བོད་ཀྱི་གསོ་བ་རིག་པ། ཐང་ཀ སྒོམ་སོགས་ཀྱི་སྐོར་གོ་རྟོགས་སྤེལ་ཡོད་པ་རེད་འདུག The post ཇར་མ་ནི་ནང་བོད་ཀྱི་དུས་སྟོན་ཐེངས་དང་པོ་སྲུང་བརྩི་གནང་བ། appeared first on vot.

Share to: