1. EachPod

གྲོས་གཞི་དོན་ཚན་བརྒྱད་ཀྱི་ཐོག་ནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༥ པ་འགོ་འཛུགས།

Author
Voice of Tibet
Published
Fri 01 Aug 2025
Episode Link
https://vot.org/vottttt%e0%bd%82%e0%bd%a6%e0%bd%82%e0%bd%9e%e0%bd%91%e0%bd%93%e0%bd%9a%e0%bd%93%e0%bd%96%e0%bd%a2%e0%bd%91/

དེ་རིང་ཕྱི་ཟླ་ ༨ ཚེས་ ༡ ནས་ ༥ བར་ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སྔ་འགྱུར་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་ཚོགས་ཁང་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེང་ ༡༥ པ་འགོ་འཛུགས་གནང་ཡོད་པ་དང་། ད་རེས་ཀྱི་འགན་འཛིན་ལྷན་ཚོགས་ཐོག་གྲོས་གཞི་དོན་ཚན་ ༨ ཐོག་གོ་བསྡུར་གནང་རྒྱུ་ཡིན་པ་རེད་འདུག དེ་ཡང་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་༸སྐྱབས་རྗེ་གདུང་སྲས་དགྱེས་སྤྲུལ་འཇིགས་མེད་རིན་པོ་ཆེ་མཆོག་དབུ་བཞུགས་གནང་ཡོད་པ་དང་། དམིགས་བསལ་སྐུ་མགྲོན་ཨོ་ཌི་ཤ་ཕུན་ཚོགས་གླིང་ས་གནས་འགོ་འཛིན་ཀརྨ་བློ་གྲོས་བཟང་པོ་ལགས། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ས་གནས་ ༢༦ ནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་ཁྱོན་ ༨༤ བཅས་ལྷན་ཞུགས་གནང་ཡོད་པ་རེད། ད་རེས་ཀྱི་གྲོས་གཞིའི་ནང་། ༸རྒྱལ་བའི་སྐུ་ཕྱྭ་དང་གོ་སྟོན་སྲུང་བརྩིའི་བྱ་རིམ། ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་གིས་དབུས་པའི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་བཀྲོལ་ཡོང་ཐབས་ཆེད་དབུས་ས་གཉིས་ནས་ལས་འགུལ་སྤེལ་ཕྱོགས། བོད་ནང་ཛ་དྲག་གནས་སྟངས་ལ་གཞིགས་ཏེ་མི་རིགས་དང་སྐད་ཡིག ཆོས་རིག ཁོར་ཡུག་བཅས་ཀྱི་གནད་དོན་ཐོག་ལས་འགུལ་སྤེལ་ཕྱོགས། བོད་རྒྱའི་དཀའ་རྙོག་སེལ་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་མུ་མཐུད་མཇུག་སྐྱོང་དང་ལས་འགུལ་འགུལ་སྤེལ་ཕྱོགས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་སྔར་ལྷག་ཚགས་ཚུད་སྲ་བརྟན་ཡོང་ཐབས་སླད་དབུས་ས་གཉིས་ནས་ལས་དོན་གནང་ཕྱོགས། དེ་བཞིན་བོད་མིའི་མི་འབོར་འཕེལ་རྒྱས་ཆེད་ཕྲུ་གུ་གང་མང་སྐྱེ་ཐབས་ལ་དམིགས་ཏེ་བུད་མེད་ལྷན་ཚོགས་དབུས་ས་གཉིས་ནས་རྗེས་སུ་ཡི་རང་གི་ལེགས་སྐྱེས་གནང་རྒྱུའི་འབད་བརྩོན་གནང་ཕྱོགས་ཙམ་མ་ཟད། ཚོགས་ཆེན་ཐེངས་བཅུ་བཞི་པའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་དང་སྤྱི་སྨན་དགོངས་འཆར་བཅས་གྲོས་གཞི་དོན་ཚན་བརྒྱད་ཐོག་གོ་བསྡུར་གནང་སྟེ། ཚེས་ ༥ ཉིན་གཏན་འབེབས་གནང་རྒྱུ་ཡིན་པ་རེད་འདུག རྩ་བའི་དེ་རིང་དབུ་འབྱེད་མཛད་སྒོའི་སྐུ་མགྲོ་གཙོ་བོ་༸སྐྱབས་རྗེ་གདུང་སྲས་དགྱེས་སྤྲུལ་འཇིགས་མེད་རིན་པོ་ཆེ་མཆོག་གི་གསུང་བཤད་གནང་བའི་ཁྲོད། ད་ལྟའི་ཆར་རང་རེ་བོད་པའི་སྤྱི་ཚོགས་ནང་སྔར་དང་མ་འདྲ་བའི་ཟིང་འཁྲུག་ཆུང་ངུ་ཞིག་ཡོད་ཀྱང་། ཕྱོགས་རྒྱ་ཆེ་ས་ནས་དགོངས་བཞེས་ཀྱིས། རྩ་བའི་དམིགས་ཡུལ་ནི་བོད་དོན་བདེན་མཐའ་གསལ་རྒྱུ་དེ་ཡིན་པ་དེའང་བོད་མི་རང་གི་ངོས་ནས་གནང་དགོས་སྟབས། བོད་མི་ནང་ཁུལ་རྩ་དོན་མེད་པ་གྱུར་ཚེ་ཕྱི་ཕྱོགས་ཀྱི་རྒྱབ་སྐྱོར་ཡོད་མེད་ལ་ཁྱད་པར་མེད་པའི་དྲན་སྐུལ་ནན་པོ་གནང་སོང་། ལྷག་པར་དེ་ལྟ་བུའི་དམིགས་ཡུལ་བསྒྲུབ་སླད་སླད་རང་ཅག་བོད་མི་གཅིག་གྱུར་གྱི་ཚོར་བ་དགོས་གལ་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དུས་དང་རྣམ་པ་ཀུན་དུ་བོད་མི་གཅིག་མཚུངས་ལ་དགོངས་ནས་བཀའ་སློབ་སྩལ་གྱི་ཡོད་པར་བཀའ་སྒྲུབ་མཁན་གྱི་ངོས་ནས་དེ་ལྟར་གནང་དགོས་གལ་ཡིན་པ་མ་ཟད། མཐུན་སྒྲིལ་དང་ཆིག་སྒྲིལ་ཞེས་པ་དེ་བསམ་ཚུལ་མི་མཐུན་པ་ཇི་སྙད་ཅིག་ཡོད་ཀྱང་རྩ་བའི་ཕུག་དམིགས་བོད་མི་སྤྱིའི་ལ་རྒྱ་དང་བདེ་དོན་ལ་ཕན་ཐོགས་ཡོད་ཚེ། བཟོད་པ་དང་གུས་ཞབས་གནང་གལ་ཡིན་པ་ནན་བརྗོད་གནང་སོང་། གཞི་རྩའི་ད་ལྟའི་ཆར་བོད་ཀྱི་བུད་མེད་ལྷན་ཚོགས་ནང་ས་གནས་ ༥༧ ནས་ཚོགས་མི་ཁྱོན་ ༡༧༠༠༠ ལྷག་ཡོད་པ་རེད། The post གྲོས་གཞི་དོན་ཚན་བརྒྱད་ཀྱི་ཐོག་ནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༥ པ་འགོ་འཛུགས། appeared first on vot.

Share to: