བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྡ་ས་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་ཐེངས་གཉིས་པའི་ཁྲོད། དེ་རིང་སྨན་རྩིས་ཁང་དུ་ཕྱོགས་བསྐྱོད་གྲུབ་མཚམས་འབྲེལ་ཡོད་རྣམས་ལ་གསུང་བཤད་གནང་བའི་ནང་། སྨན་རྩིས་ཁང་འདི་བཞིན་ཡར་རྒྱས་ཡག་པོ་ཕྱིན་ཡོད་པ་མ་ཟད། ད་དུང་ལས་དོན་ཁག་གཅིག་གྲུབ་རྒྱུ་ཡིན་ཞིང་། རྒྱ་གར་ནང་དུ་དེབ་སྐྱེལ་ཡོད་པའི་བཙན་བྱོལ་བོད་མི་ཚོགས་པ་སྒྲིག་འཛུགས་ཁག་དང་ས་ཆ་བདག་འཛིན་ཡག་པོ་བྱས་ཐུབ་ཚེ་མ་འོངས་བོད་པའི་འཐབ་རྩོད་རྒྱུན་གནས་ལ་ཕན་ཐོགས་ཡོད་པ་དྲན་སྐུལ་གནང་འདུག དེ་ཡང་སྲིད་སྐྱོང་མཆོག་གིས་ཁ་སང་ཚེས་ ༢༦ ཉིན་བཞུགས་སྒར་རྡ་ས་ཁྱབ་ཁོངས་སུ་འཚམས་གཟིགས་ཐེངས་གཉིས་པ་འགོ་འཛུགས་གནང་ཡོད་པ་དང་། དེ་རིང་ཚེས་ ༢༧ ཉིན་གྱི་སྔ་དྲོ་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་འཚམས་གཟིགས་དང་འབྲེལ། ནད་བཅོས་ཉམས་ཞིབ་སྡེ་ཚན་ཡིག་ཚང་དང་། སྨན་སྦྱོར་སྡེ་ཚན་གྱི་གཙང་བཟོ་ཁང་སོགས་དབུ་འབྱེད་གནང་ཡོད་པ་མ་ཟད། དགེ་ལས་སློབ་ཕྲུག་ཡོངས་ལ་གསུང་བཤད་སོང་། སྐབས་དེར་སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་ཚོགས་པ་སྒྲིག་འཛུགས་ཇི་འདྲ་ཞིག་ཡིན་ཡང་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་དང་མཐུན་པ་བྱ་དགོས་གལ་ཡིན་པ་དང་། ལྷག་པར་འཛིན་སྐྱོང་དང་འབྲེལ་བའི་སྒྲིག་གཞི་བརྒྱ་ཆ་ ༩༩ ཙམ་བསྐྱར་ཞིབ་གྲུབ་ཡོད་པ་ད་དུང་འཕྲུལ་རིག་དང་འབྲེལ་བའི་སྒྲིག་གཞི་གསར་པ་བཟོ་དགོས་ཡོད་སྐོར་གསུངས་སོང་། འགྲོ་ཕན་སྨན་རྩིས་ཁང་གི་གནད་དོན་དང་འབྲེལ་ནས། འགན་འཛིན་དང་འཛིན་སྐྱོང་ལྷན་ཚོགས་སོགས་འབྲེལ་ཡོད་ཡོངས་དང་གོ་བསྡུར་གྱི་འགན་འཛིན་ལྷན་ཚོགས་ནས་ཐག་གཅོད་གཞིར་བཟུང་། ཚོགས་ཆུང་ཟུར་འཛུགས་ཀྱིས་རྩ་འཛིན་དང་བླང་དོར་སྒྲིག་གཞི། བཀོད་སྒྲིག སྔོན་རྩིས་སྟངས་འཛིན་བཅས་ཀྱི་ཁྲིམས་སྒྲིག་གཏན་འབེབས་གནང་ཡོད་པ་དང་། དེར་དཔེ་བླངས་ཏེ་བོད་ཀྱི་ཟློས་གར་ཚོགས་པ་དང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་སོགས་ཀྱི་ནང་ཁྲིམས་སྒྲིག་གཏན་འབེབས་གནང་རྒྱུ་ཡིན་པ་སོགས་གསུངས་སོང་། ལྷག་པར་དེབ་སྐྱེལ་བྱས་པའི་ཚོགས་པ་སྒྲིག་འཛུགས་ཁག་སྲུང་སྐྱོབ་བྱ་རྒྱུའི་ཐད་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ནང་། རྒྱ་གར་གཞུང་གི་ཁྲིམས་སྒྲིག་གཞིར་བཟུང་གི་འགྲོ་ལུགས་མཐུན་མིན་དང་། སྐབས་བསྟུན་ལམ་སྟོན་བྱ་ཆེད་སྡེ་ཚན་བཙུགས་ཡོད་ཅིང་། ད་ལྟའི་ཆར་དེབ་སྐྱེལ་ཡོད་པའི་བཙན་བྱོལ་བོད་མིའི་ཚོགས་པ་སྒྲིག་འཛུགས་ ༡༧༠ ཡས་མས་དང་ Foreign Contribution (Regulation) Act (FCRA) ཕྱི་རྒྱལ་རོགས་དངུལ་ལེན་ཆོག་པའི་དེབ་སྐྱེལ་སྒྲིག་འཛུགས་ ༨༡ ཙམ་ཡོད་པ་དང་། གང་མྱུར་སྒྲིག་འཛུགས་དེ་དག་ཚང་མ་བསྐོང་ཚོགས་ཀྱིས། རྒྱལ་ས་ལྡི་ལིར་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་དང་ FCRA ཚན་པའི་འབྲེལ་ཡོད་མི་སྣ་གདན་འདྲེན་ཞུས་ཏེ། རྒྱ་གར་གཞུང་གི་ཁྲིམས་དང་མཐུན་པའི་ལས་དོན་གནང་ཕྱོགས་ཐད་ཟབ་སྦྱོང་གནང་འཆར་ཡོད་སྟབས། དེབ་སྐྱེལ་ཡོད་པའི་སྒྲིག་འཛུགས་དང་ས་ཆ་བདག་འཛིན་ཡག་པོ་བྱས་ཐུབ་ཚེ་མ་འོངས་བོད་པའི་འཐབ་རྩོད་རྒྱུན་གནས་ལ་ཕན་ཐོགས་ཡོད་པ་དྲན་སྐུལ་གནང་སོང་། མ་ཟད་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་ནས། དབུ་མ་དང་རང་བཙན་གཉིས་ཀས་ཁ་ཕྱིར་ལྟ་བྱ་ཡུལ་ནི་རྒྱ་ནག་གཞུང་ཡིན་པ་དང་། དབུ་མའི་ལམ་གྱི་ཐོག་ནས་མཐའ་གཉིས་ལས་གཅིག་བོད་འདི་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པ་སྒྲུབ་རྒྱུ་དེས་སྒོ་མང་པོ་ཕྱེ་ཀྱི་ཡོད་སྐོར་གསུངས་པ་དང་འབྲེལ། མི་རབས་གཞོན་པ་ཚོས་འདས་པའི་ལོ་རྒྱུས་མ་ཤེས་ན་བོད་ཀྱི་མ་འོངས་འཐབ་རྩོད་ཇི་ལྟར་རྩོད་རྒྱུ་ཡིན་པ་ནན་བརྗོད་གནང་སོང་། ད་དུང་བོད་ནང་རྒྱ་གཞུང་གི་སྲིད་བྱུས་ལག་བསྟར་འོག་མི་རབས་གཞོན་པ་མང་པོས་བོད་སྐད་ལས་རྒྱ་སྐད་མང་བ་བཀོལ་སྤྱོད་བྱེད་ཀྱི་ཡོད་པའི་སེམས་འཚབ་ཀྱི་བརྡ་ལན་འབྱོར་གྱི་ཡོད་སྟབས། བཙན་བྱོལ་ནང་དུ་ཡོད་པའི་མི་རབས་གཞོན་པ་ཚོས་ངེས་པར་དུ་འགན་འཁུར་བླངས་དགོས་གལ་ཡིན་པ་མ་ཟད། རྒྱ་ནག་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཐོག་ནས་འབྲེལ་ལམ་མུ་མཐུད་ཡོད་པ་བསྐྱར་ནན་གནང་སོང་། གཞི་རྩའི་ཟླ་བ་འདིའི་ཚེས་ ༢༠ ནས་བཟུང་འདི་ཚེས་ ༢༩ […] The post དེབ་སྐྱེལ་ཡོད་པའི་སྒྲིག་འཛུགས་དང་ས་ཆ་བདག་འཛིན་ཡག་པོ་བྱས་ཐུབ་ཚེ་མ་འོངས་བོད་པའི་འཐབ་རྩོད་རྒྱུན་གནས་ལ་ཕན་ཐོགས་ཡོད་པ་དྲན་སྐུལ། appeared first on vot.